1 月 30

卡盧仁波切 |法王頂果欽哲仁波切所造之「榮耀香巴傳承祈願文」

༄༅། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་རྒྱས་པའི་སྨོན་ལམ་དོན་ཀུན་ལྷུན་གྲུབ་ལྷ་ཡི་རྔ་གསང་ཞེས་བྱ་བ་བཞུགས་སོ། །

བསྟན་རྒྱས་ སྨོན་ལམ་

༄༅། །སངས་རྒྱས་ཀུན་འདུས་བླ་མའི་ཡེ་ཤེས་གར། །རབ་འབྱམས་རྒྱལ་བ་སྲས་བཅས་ཡི་དམ་ལྷ། །དཔའ་བོ་ཌཱ་ཀི་རྡོ་རྗེའི་ཆོས་སྲུང་ཚོགས། །རྨད་བྱུང་མཁྱེན་བརྩེ་ནུས་པས་དགོངས་སུ་གསོལ། །སྲིད་ཞིའི་ཕན་བདེའི་འབྱུང་གནས་ཐུབ་པའི་བསྟན། །ལུང་རྟོགས་སྙིང་པོ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད། །ཀུན་ལས་རྨད་བྱུང་ཁྱད་ཆོས་དུ་མས་འཕགས། །དཔལ་ལྡན་ཤངས་པའི་བསྟན་པ་རྒྱས་གྱུར་ཅིག །རྡོ་རྗེ་འཆང་ངང་ཡེ་ཤེས་མཁའ་འགྲོ་སོགས། །ས་བཅུའི་དབང་ཕྱུག་འཕགས་པའི་སྤང་རྟོགས་ཅན། །རིན་ཆེན་བདུན་བརྒྱུད་ཕྲེང་བ་སྔ་ཕྱིའི་སྲོལ། །དཔལ་ལྡན་ཤངས་པའི་བསྟན་པ་རྒྱས་གྱུར་ཅིག །ཁྱད་པར་རྒྱལ་བས་ལུང་བསྟན་རྫུ་འཕྲུལ་ཆེ། །མཐར་ཐུག་ལྔ་ལྡན་མཁས་གྲུབ་ཁྱུང་པོ་རྗེའི། །པན་གྲུབ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་སྙིང༌། །དཔལ་ལྡན་ཤངས་པའི་བསྟན་པ་རྒྱས་གྱུར་ཅིག །མཚན་ཉིད་ཀུན་ལྡན་རྡོ་རྗེའི་སློབ་དཔོན་ལས། །གསང་རྒྱུད་ཉིང་ཁུ་རྒྱུད་སྡེ་ཆེན་ཕོ་ལྔ། །བྱིན་རླབས་དབང་གི་བཀའ་ཡིས་སྨིན་བྱས་པ། །དཔལ་ལྡན་༴། །རིན་ཆེན་རྒྱ་མཚོའི་རྒྱུད་ཀྱི་དགོངས་པའི་བཅུད། །དགྱེས་མཛད་སྒྱུ་མ་འདུས་པ་འཁོར་ལོ་སྡོམ། །འཇིགས་མཛད་རྒྱུད་སྡེའི་དཀྱིལ་འཁོར་གཅིག་འདུས་ལམ། །དཔལ་ལྡན་༴། །གཏུམ་མོ་སྒྱུ་ལུས་རྨི་ལམ་འོད་གསལ་དང༌། །ཕྱག་རྒྱ་མངོན་སྤྱོད་སྟོན་པའི་མཐར་ཐུགས་ལྔ། །རྡོ་རྗེ་གདན་པའི་ཐུན་མིན་ཐུགས་དམ་མཆོག །དཔལ་ལྡན་༴། །རྒྱལ་བའི་ཡུམ་ཆེན་ཡེ་ཤེས་མཁའ་འགྲོ་གཉིས། །རྡོ་རྗེ་གདན་པ་མེ་ཏྲི་རཱ་ཧཱུ་ལའི། །དགོངས་བཅུད་ཐུན་མིན་གསེར་ཆོས་རྣམ་ལྔའི་ཚུལ། །དཔལ་ལྡན་༴། །ཆིག་བརྒྱུད་བཀའ་བབ་རིན་ཆེན་བདུན་བརྒྱུད་གཉིས། །ཐང་སྟོང་རྒྱལ་དང་རྗེ་བཙུན་གྲོལ་མཆོག་ཞབས། །འཇམ་མགོན་རྣམ་གཉིས་ཉེ་བརྒྱུད་བྱིན་བརླབས་འབར། །དཔལ་ལྡན་༴། །ཟབ་དོན་རྒྱ་མཚོའི་མཛོད་ལ་དབང་ཐོབ་པའི། །མཁྱེན་སྤྱོད་ཟླ་བྲལ་གྲུབ་བརྙེས་ཧེ་རུ་ཀཿ །སྒྲོལ་བའི་མགོན་པོའི་ཤིང་རྟའི་ལམ་སྲོལ་འཛིན། །དཔལ་ལྡན་༴། །མཁས་གྲུབ་ཁྱུང་པོའི་ཐུགས་སྲས་དགེ་བའི་བཤེས། །ཁྲི་ཕྲག་བཅོ་བརྒྱད་ཀྱིས་མཚོན་གངས་ཅན་གྱི། །འཕགས་ཚོགས་རྒྱ་མཚོའི་བཤད་རྩོད་སྒྲུབ་པའི་ལམ། །དཔལ་ལྡན་༴། །ཚིག་ཙམ་མ་ཡིན་དོན་གྱི་བྱིན་རླབས་གཟིས། །རྩོད་པའི་དུས་ཀྱང་གྲུབ་པའི་རྟགས་མཚན་གྱིས། །ཡིད་ཆེས་ངེས་པ་སྟེར་བའི་ངོ་མཚར་ཅན། །དཔལ་ལྡན་༴། །སྦྱང་བྱ་གནས་སྐབས་རྣམ་བཞིའི་འཁྲུལ་རྟོག་ཀུན། །སྦྱོང་བྱེད་ཐབས་ལམ་རྡོ་རྗེའི་ཆོས་དྲུག་གིས། །སྦྱང་འབྲས་བར་དོ་གསུམ་དུ་དབུགས་འབྱིན་ལམ། །དཔལ་ལྡན་༴། །རང་བབ་གསུམ་གྱིས་ཞི་ལྷག་ཏིང་འཛིན་བརྟན། །ཡེ་ཤེས་འབེབས་པས་སེམས་ཀྱི་གདར་ཤ་བཅད། །ཐུན་མིན་ལམ་གྱིས་སྐུ་བཞིའི་སར་སྦྱོར་བའི། །དཔལ་ལྡན་༴། །མདོ་རྒྱུད་རྒྱ་མཚོའི་བསྟན་བྱའི་མན་ངག་སྙིང༌། །རྡོ་རྗེ་འཆང་དབང་ཞལ་ལུང་འབའ་ཞིག་པས། །ལོ་ཟླ་ཙམ་གྱིས་ཟུང་འཇུག་སར་སྦྱོར་བྱེད། །དཔལ་ལྡན་༴། །ཉི་ཟླའི་མདངས་འཛིན་རྡོ་རྗེ་བཙུན་མོ་ཡིས། །ཆགས་གྲོལ་བདེ་སྟོང་ཙཎྜ་ལཱིས་ཞུ་བདེས། །མཁའ་སྤྱོད་དགའ་མའི་དྲུང་དུ་ཁྲིད་ནུས་པ། །དཔལ་ལྡན་༴། །ལུས་སེམས་གཉིས་མེད་ལྷན་སྐྱེས་རང་གྲོལ་དབྱིངས། །སྐྱེ་འཆི་རྣམ་སྨིན་ཕུང་པོའི་གདངས་གཞིས་སྟོང༌། །འཆི་མེད་འཆུགས་མེད་ཕྱག་རྒྱ་ཆེར་གྲོལ་བྱེད། །དཔལ་ལྡན་༴། །གཅིག་བརྒྱུད་རྡོ་རྗེའི་རྒྱ་ཡིས་རྒྱས་བཏབ་པས། །བློས་བཏགས་རང་བཟོའི་བསྲེ་བསླད་མེད་པའི་ལམ། །གསེར་ཞུན་ལྟ་བུའི་རྡོ་རྗེ་གསུང་གི་ཚོགས། །དཔལ་ལྡན་༴། །རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་སྤྱན་རས་གཟིགས། །མྱུར་མཛད་ཡེ་ཤེས་མགོན་པོའི་སྐུར་བསྟན་པས། །དོན་གཉིས་ལྷུན་གྲུབ་ཕྲིན་ལས་རྨད་བྱུང་ཅན། །དཔལ་ལྡན་༴། །གཅིག་ཏུ་འགྲོ་ལ་ཕན་དགོངས་ཐུགས་རྗེས་མཐུ། །རྒྱལ་བའི་ཕྲིན་ལས་གཙོ་བོ་ལུང་རྟོགས་ཆོས། །ཀུན་གྱི་སྙིང་པོ་ངོ་མཚར་རྨད་བྱུང་བ། །དཔལ་ལྡན་༴། །རྒྱལ་བས་ལུང་བསྟན་མཁས་གྲུབ་ཁྱུང་པོ་སོགས། །རིན་ཆེན་བདུན་བརྒྱུད་རྣམ་གཉིས་ཐང་སྟོང་རྒྱལ། །མཚུངས་མེད་བླ་མ་རྣམས་ཀྱི་ཐུགས་བསྐྱེད་མཐུས། །དཔལ་ལྡན་༴། །གསང་ཆེན་རྒྱུད་སྡེའི་མཐར་ཐུག་རྣམ་ལྔ་སོགས། །ཡི་དམ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཡེ་ཤེས་མགོན་པོ་འཁོར་བཅས་ཕྲིན་ལས་མཐུས། །དཔལ་ལྡན་༴། །ཐུབ་བསྟན་བཤད་རྩོད་སྒྲུབ་པའི་བྱ་བས་སྤེལ། །དེར་འཛིན་སྐྱེས་ཀུན་ཞབས་བརྟན་བཞེད་དོན་འགྲུབ། །ས་སྟེང་རྒྱན་གྱུར་འདུས་པས་ཡོངས་ཁེངས་ནས། །དཔལ་ལྡན་༴། །དབེན་པའི་རི་ཀུན་རྣལ་འབྱོར་སྒྲུབ་པས་ཁེངས། །ངེས་འབྱུང་བརྩོན་འགྲུས་མོས་གུས་ཆེས་ཆེར་འཕེལ། །ཉམས་རྟོགས་ཏིང་འཛིན་བརྙེས་པས་མཛེས་པ་ཡི། །དཔལ་ལྡན་༴། །རྩོད་དུས་ནད་མུག་མཚོན་སྐལ་རྒུད་པ་ཀུན། །རིན་ཆེན་གསུམ་གྱི་ཐུགས་རྗེའི་མཐུས་སེལ་སྟེ། །འགྲོ་ཀུན་སེམས་རྒྱུད་ཆོས་ལ་སྤྱོད་པ་ཡིས། །དཔལ་ལྡན་༴། །བདག་ཀྱང་མཁས་གྲུབ་རྒྱ་མཚོའི་ཞབས་པད་བསྙེན། །མདོ་རྒྱུད་ཆོས་ཀྱི་ཉིང་ཁུ་མ་ནོར་འཛིན། །ཁྱུང་པོ་རྣལ་འབྱོར་རྣམ་ཐར་བཞིན་སྤྱོད་པས། །དཔལ་ལྡན་༴། །མཉམ་ཉིད་བྱང་ཆུབ་སེམས་ཀྱི་གཞན་སྣང་བསྒྱུར། །འབྲེལ་ཚད་དོན་ལྡན་འགྲོ་ཀུན་ཐར་པ་འདྲེན། །ཟབ་དོན་ཉིན་བྱེད་ཐང་མར་བརྡལ་བ་ཡིས། །དཔལ་ལྡན་༴། །ནང་གི་རྡོ་རྗེའི་རྣལ་འབྱོར་མཐར་སོན་པས། །ངོ་མཚར་རྫུ་འཕྲུལ་དུ་མའི་རོལ་པ་ཡིས། །བསྟན་འགྲོའི་ཕན་བདེ་སྤེལ་ཞིང་རྒྱས་བྱེད་པས། །དཔལ་ལྡན་༴། །ལམ་འདིར་འབྲེལ་ཚད་རྟེན་དེར་དངོས་གྲུབ་བརྙེས། །མངོན་དགའ་བདེ་བ་ཅན་སོགས་བླ་མ་རྣམས། །བཞུགས་པའི་ཞིང་སྐྱེ་རྒྱལ་སྲས་སྤྱོད་པ་སྐྱོངས། །དཔལ་ལྡན་༴། །མདོར་ན་རང་གཞན་བསྟན་འགྲོའི་དོན་མཐའ་དག །ཟབ་ཆོས་ཡིད་བཞིན་ནོར་བུ་འདིས་སྒྲུབ་ནས། །སྲས་བཅས་རྒྱལ་བའི་ཕྲིན་ལས་རྗེས་སྒྲུབ་པས། །དཔལ་ལྡན་ཤངས་པའི་བསྟན་པ་རྒྱས་གྱུར་ཅིག། ཅེས་པའང་ཚབ་ཚྭའི་སྒྲུབ་བླ་ཀརྨ་ཚུལ་ཁྲིམས་བློ་ལྡན་ནས་ལྷ་རྫས་ཀྱི་རྟེན་བཅས་གསུངས་བསྐུལ་བཞིན་རྫོགས་པའི་སངས་རྒྱས་ཞེ་ཆེན་པ་ཆེན་པོ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བཀའ་དྲིན་ལས། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཟབ་ཆོས་ཀྱི་ཉིང་ཁུ་མཐའ་དག་གི་སྣོད་རུང་དུ་གྱུར་ཅིང༌། དཔལ་ལྡན་ཤངས་པའི་གསེར་ཆོས་ལ་ལྷག་པར་དད་པའི་ཀུ་སཱ་ལའི། འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་འཕགས་ཡུལ་རྡོ་རྗེ་གླིང་གི་ཆར་གསང་སྔགས་བཤད་སྒྲུབ་གླིང་གི་གཙུག་ལག་ཁང་དུ་རྗེ་བཙུན་ཐམས་ཅད་མཁྱེན་པའི་དུས་ཀྱི་མཆོད་པའི་སྐབས་བྲིས་ཤིང་སྙིང་ནས་སྨོན་པ་དོན་དང་ལྡན་པར་གྱུར་ཅིག། དགེ་འོ།། །།